ལྷ་སར་དུག་རྫས་གྱོད་གཞི་ཞིག་རྩད་ཆོད་འདུག

  ནག་སེལ་གཤེད་འཇོམས་དང་། ཁྲིམས་འགལ་རྡུང་རྡེག ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དུག་འགོག་ཡན་ལག་རུ་ཁག་དང་རིགས་ཁག་གི་ཉེན་རྟོག་གིས་མཉམ་འབྲེལ་ཐོག དུག་རྫས་དང་འབྲེལ་བའི་གྱོད་གཞི་མང་པོ་ཞིག་རྩད་གཅོད་ཐུབ་ཡོད།


  ཉེ་དུས། དུག་འགོག་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་སྐབས་དུག་རྫས་ཡོད་པའི་ཐུམ་སྒྲིལ་ཞིག་ཡུལ་གཞན་ནས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་བསྐུར་བའི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་བ་དང་། བརྟག་ཞིབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་དུས་ཐུང་ནང་དོགས་ཡོད་ཉེས་ཅན་ཀྲང་ག་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་མ་ཟད། སྤྱི་ཟླ་༡༡ཚེས་༦ཉིན། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གཉིས་ཕན་སྒོ་རྩིས་ཚོང་ཁང་ཞིག་གི་ནང་ནས་འཛིན་བཟུང་བྱས་པ་དང་། ཀྲང་ག་གེ་མོའི་སྡོད་གནས་ནས་དུག་རྫས་ཐུམ་སྒྲིལ་གསུམ་རྙེད་པ་དང་། ཐུམ་སྒྲིལ་གསུམ་པོའི་ནང་དུག་རྫས་ཁེ་༡༢༠.༢ཡོད་པ་རེད།


  དེའི་རྗེས། དུག་འགོག་ཉེན་རྟོག་པས་གཅིག་ལ་གཅིག་བརྒྱུད་ཀྱིས་བསྟུད་མར་གྱོད་གཞི་འདི་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་ལི་ག་གེ་མོ་དང་ཡོན་ག་གེ་མོ་གཉིས་འཛིན་བཟུང་ཐུབ་ཡོད།


  མིག་སྔར། དོགས་ཡོད་ཉེས་ཅན་ཀྲང་ག་གེ་མོ་དང་། ལི་ག་གེ་མོ། ཡོན་ག་གེ་མོ་བཅས་ཀྱིས་ཁྲིམས་འགལ་གྱིས་དུག་རྫས་ཉར་ཚགས་བྱས་པར། ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་ཅིང་། གྱོད་གཞི་དེ་མུ་མཐུད་རྩད་ཞིབ་བྱེད་བཞིན་པའི་སྒང་ཡིན། 


ཡོང་ཁུངས། སེམས་ཀྱི་ཞིང་ཁམས།

རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།