པདྨ་ཚེ་བརྟན་གྱིས་ཐེ་ཝན་དུ་གློག་བརྙན་《ལག་དམར》གླེང་བ།

གློག་བརྙན་《ལག་དམར》གླེང་བ།


ལག་དམར་གྱི་འགྲེམ་པར་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཉིས་ཐེ་ཝན་དུ་འབྱོར་བ།

        པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ《ལག་དམར》ཞེས་པ་ཐེ་ཝན་ན་སྤེལ་བཞིན་པའི་གསེར་རྟ་རྟགས་མ་སྐབས་ང་ལྔ་བའི་འཁྲབ་ཁྲིད་པ་རྩེ་གྲ་དང་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ་བཅས་བྱ་དགའ་ཆེན་མོ་གཉིས་ཀྱི་རྣམ་གྲངས་སུ་ཚུད། འདི་ནི་ཁོང་གི་གློག་བརྙན་བརྩམས་ཆོས་སྔ་མ《ཐར་ལོ》ཞེས་པ་གསེར་རྟ་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་ཐོབ་རྗེས་ཀྱི་བསྟུད་མུར་བྱ་དགའི་རྣམ་གྲངས་སུ་ཚུད་པའི་གདམས་ཐེངས་གཉིས་པ་ཡིན།   

འཁྲབ་ཁྲིད་པས་གསར་འགོད་པར་ལྷ་དར་འཐེན་བཞིན་པ།

        སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཐེ་ཝན་ལ་འབྱོར་ཞིང་། ཕྱི་དྲོའི་ཆ་ལ་གསར་འགོད་པའི་ཚོགས་འདུར་ཞུགས་པར་མ་ཟད།ཡུལ་དངོས་སུ་འཛོམས་པའི་གསར་འགོད་པ་དག་ལ་ཁ་བཏགས་དཀར་པོའི་མཇལ་རྟེན་ཕུལ་རྗེས།ཐེངས་འདིའི་གློག་བརྙན་གྱི་ལྟ་སྐུལ་བ་ཝང་ཅ་བེ་ལ་མཉམ་འབྲེལ་བྱས་པའི་གོ་རིམ་ཐད་ནས་བཅར་འདྲི་དང་ལེན་བྱས། 


ལྟ་མཁན་པའི་ཚོགས།

        དགུང་མོའི་ཆ་ལ་འཁྲབ་ཁྲིད་པ་ཁོང་དངོས་སུ་གསེར་རྟ་རྒྱལ་སྤྱིའི་གློག་བརྙན་འགྲེམ་གཟིགས་སྟེང་ཞུགས་ཤིང་། གློག་བརྙན་ཁང་ནས་ལྟ་མཁན་པ་ལྔ་བརྒྱ་ལྷག་དང་ལྷན་དུ་ཐེངས་འདིའི་གློག་བརྙན་བརྩམས་ཆོས་གསར་བ《ལག་དམར》ཞེས་པ་ཐེ་ཝན་ནས་ཐོག་མའི་གཟིགས་འབུལ་ལ་མཉམ་རོལ་བྱས།  གློག་བརྙན་ལ་བལྟས་ཚར་རྗེས། ལྟ་མཁན་མང་པོས་དགའ་བསུ་ཚད་མེད་ཐོབ་ཅིང་གདེང་འཇོག་གི་ཚད་ཀྱང་མི་དམན་པ་གནང་། དེ་མ་ཟད། བརྙན་ཞེན་པ་མང་པོ་དང་ལྷན་གཅིག་ཏུ་གློག་བརྙན་ཁང་ནས་བརྩམས་ཆོས་གསར་བའི་ཐད་ནས་ཕན་ཚུན་བར་ཁ་བརྡ་མང་ཙམ་གནང་།


ལྟ་མཁན་ཚོར་ཁ་བརྡ་བྱེད་བཞིན་པ།

        གློག་བརྙན་འདིའི་འཁྲབ་གཞུང་ནི་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་ཐུང《ལག་དམར》ཞེས་པ་དང་འཁྲབ་ཁྲིད་པ་རང་ཉིད་ཀྱིས་བྲིས་པའི་སྒྲུང་ཐུང《ལུག་གཅིག་ལྔ་ལམ་དུ་བརྫངས་པ》ཞེས་པ་གཉིས་བཅོས་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན།སྒྲུང་ཐུང་འདི་གཉི་གའི་གཏམ་རྒྱུད་ཀྱི་བྱུང་ཡུལ་ནི་ལམ་བར་ཡིན་ལ། མི་སྣ་གཙོ་བོ་གཉིས་ཡོད། གཅིག་ནི་ཕ་ལ་དགྲ་ཤ་ལེན་མཁན་གྱི་ལག་དམར་ཡིན་ལ། གཅིག་ནི་ལམ་བར་ནས་ལུག་གཅིག་བསད་པའི་ཁ་ལོ་བ་ཡིན།གཙོ་འཁྲབ་པ་གཉི་གའི་མིང་ལ་“སྤྱིན་པ”ཟེར།གློག་བརྙན་འདིའི་ཕྱི་ཚུལ་ཙམ་ནས་བལྟས་ན་དགྲ་ཤ་ལེན་པའི་གཏམ་རྒྱུད་ཅིག་དང་འདྲ་ནའང་།དོན་དངོས་སྟེང་བརྗོད་བཞིན་པ་ནི་མི་སྒེར་གྱི་སད་རྟོགས་དང་བློས་གཏོང་ཡིན། 


མིང་གྲགས་ཅན་གྱི་འཁྲབ་ཁྲིད་པ་ལེ་ཨན་དང་པདྨ་ཚེ་བརྟན་གཉིས་ཀྱི་མཉམ་པར།


        གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ལེ་ཨན་ལགས་ཀྱིས།  ང་རང《ལག་དམར》ཞེས་པའི་གློག་བརྙན་འདི་ལ་ཧ་ཅང་དགའ་བོ་བྱུང་ཡོད།   ངའང་རྨི་ལམ་དེའི་ནང་དུ་འཛུལ་སོང་ཟེར།

གསེར་རྟ་རྒྱལ་སྤྱིའི་གློག་བརྙན་འགྲེམ་གཟིགས་སྟེང་ཞུགས་པའི་ལག་དམར།

        ལྟ་སྐུལ་བ་ཝང་ཅ་བེས་ཕུལ་བའི་རྟེན་འབྲེལ་ཤིས་ཚིག་ནི། པདྨ་ཚེ་བརྟན་གྱི་གློག་བརྙན་གྱི་ཡིད་དབང་འཕྲོག་པའི་ཆ་ནི། གོ་བདེ་བའི་སྒོ་ནས་བལྟས་ཆོག་ལ། གཏིང་ཟབ་པའི་སྒོ་ནས་ཀྱང་བལྟས་ཆོག གོ་བདེ་བའི་སྒོ་ནས་བལྟས་ན་ལས་དབང་ཡིན་ལ།  གཏིང་ཟབ་པའི་སྒོ་ནས་བལྟས་ན་ཐར་བ་ཡིན། ཞེས་པའོ།།

        པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ་《ལག་དམར》ཞེས་པ་ཐེ་ཝན་ན་སྤེལ་བཞིན་པའི་གསེར་རྟ་རྟགས་མ་སྐབས་ང་ལྔ་བའི་འཁྲབ་ཁྲིད་པ་རྩེ་གྲ་དང་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ་བཅས་བྱ་དགའ་ཆེན་མོ་གཉིས་ཀྱི་རྣམ་གྲངས་སུ་ཚུད་པའི་དཔང་ཡིག


གསེར་རྟའི་རྟགས་མ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་སྣང་བརྙན་གསར་བ།


བོད་བརྙན་འཁྲབ་ཁྲིད་པ་ཞིག་གི་མི་ཚེ་བཞུད་ལམ་འདི་རུ་གསལ་ལ། 

བོད་བརྙན་གསར་བ་ཞིག་གི་ཁ་རྗེ་རླུང་རྟ་འདི་རུ་རྒྱས་ཡོད།


ངའི་རེ་བ་ཡིན་ན། མི་སྒེར་གྱི་རྟོགས་སད་དང་མི་རིགས་ཀྱི་རྟོགས་སད་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན། 

ཡོང་ཁུངས། དྲ་ལམ་ནས།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། པདྨ་ཚེ་བརྟན། པད་མ།