ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།


        སྤྱི་ཚེས་༢༠ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཉི་ལར་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་གྲོས་མོལ་གནང་ཡོད།  རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་མཉམ་དུ་འཆར་འགོད་གནང་བ་དང་།  ཐུན་མོང་ངོས་འཛིན་གལ་ཆེན་འཇོག་གནང་ཞིང་།  མགྲིན་དབྱངས་གཅིག་གྱུར་ངང་ཕན་ཚུན་བརྩི་འཇོག་དང་།  སྦ་གསང་མེད་པའི་བལྟ་སྟངས་འཛིན་པ།  འདྲ་མཉམ་གཉིས་ཕན།  མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་གནང་ཡོད།

        གྲོས་མོལ་མ་གནང་གོང་།  ཏུའུ་ཐེར་ཐེས་ཙུང་ཐུང་ལས་ཤག་མདུན་གྱི་སྤང་ལྗོངས་སྟེང་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད།

        མ་ཉི་ལའི་བེ་ཏ་ཤིང་ལྡེམ་ལྡེམ་དུ་གཡོ་ཞིང་མཚོ་ཁའི་རླུང་བུ་བསིལ་བསིལ་དུ་ལྡང་བཞིན་མཆིས།  ཙུང་ཐུང་ལས་ཤག་གི་ཕྱི་རོལ་དུ་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་མཐོན་པོར་བཀལ་ཡོད།  གཞུང་ལམ་གཡས་གཡོན་གཉིས་སུ་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་སྟོང་ཕྲག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་དབྱུག་དབྱུག་བྱེད་བཞིན་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་འབོད་ཞུས་ཡོད།  བཅོས་མིན་དང་བརྩེ་བ་ཟབ་པའི་འཛུམ་མདངས་ལས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱེད་བཞིན་ཡོད་པ་མངོན་ཡོད།


        ཧྥི་ལི་ཕིན་གྱི་ཙུང་ཐུང་ལས་ཤག་གི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་ཀྱིས་ཕྱུག་ཡོད།  ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་༤དང་སྐར་མ་༤༠ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་ཙུང་ཐུང་ལས་ཤག་ཏུ་ཕེབས་པ་དང་།  ཏུའུ་ཐེར་ཐེས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད།  རྒྱལ་ཁབ་གཉིས་པོའི་གཙོ་བདག་རྣམ་གཉིས་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་ཡོད།  གཟབ་སྦྲེང་རུ་ཁག་གིས་མེ་མདའ་བཟུང་སྟེ་གུས་ལུགས་མཚོན་པ་བྱས་ཡོད།  རྔ་རྡུང་མཁན་གྱིས་སྤྲོ་བ་འཕེལ་བའི་རྔ་བརྡུངས་པ་དང་དུང་བརྡ་གཏོང་མཁན་ནས་སྐུ་མགྲོན་བསུ་བའི་དུང་བརྡ་བཏང་ཡོད།  དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།  ས་ཡུལ་དངོས་སུ་གུས་ལུགས་མེ་སྒྱོགས་ཐེངས་༢༡བསྒྲགས་ཡོད།  ཞི་ཅིན་ཕིང་ནི་ཏུའུ་ཐེར་ཐེའི་ཕེབས་རོགས་འོག་ས་གདན་དམར་པོ་བརྒྱུད་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད།  གཟིགས་ཞིབ་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་དཔོན་རིགས་གཙོ་བོ་རྣམས་ལ་ཕྱག་བཏང་གནང་བ་དང་།  ཏུའུ་ཐེར་ཐེས་ཀྲུང་གོའི་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་བཏང་གནང་ཡོད།  རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ལྷན་དུ་ཙུང་ཐུང་ལས་ཤག་ཐོག་ཁང་ནང་ཕེབས་ཡོད།  ལམ་འགྲམ་དུ་ས་གནས་དེ་གའི་སྒྱུ་རྩལ་མཁས་པས་ཧྥི་ལི་ཕིན་གྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་པ་དང་།  སྙན་འཇེབས་ཡིད་དབང་འཕྲོག་པའི་འགྱུར་ཁུག་དང་སྒེག་ཉམས་ལྡན་པའི་ཞབས་བྲོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་རྣམ་གཉིས་ཀྱི་ཡིད་དབང་འཕྲོག་ཡོད།

        གྲོས་མོལ་གནང་སྐབས་ཞི་ཅིན་ཕིང་གིས།  ཞལ་ཆད་ལྟར་ཧྥི་ལི་ཕིན་དུ་འཚམས་འདྲི་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་།  ཧྥི་པི་པིན་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་།  ལྷག་པར་དུ་བྱིས་པ་ཚོའི་དགའ་སྤྲོའི་འཛུམ་མདངས་ནི་མི་སེམས་འགུལ་བ་ཞིག་འདུག  ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོ་ནི་འགྲོ་འོང་ལོ་ངོ་སྟོང་ཕྲག་ཟིན་པའི་ཁྱིམ་མཚེས་ཡིན་པ་དང་།  མཛའ་མཐུན་ཁྱིམ་མཚེས།  མཉམ་ལས་མཉམ་རྒྱལ་ནི་ཕྱོགས་གཉིས་པོའི་ཡང་དག་པའི་གདམ་ག་ཉག་ཅིག་དེ་ཡིན་ཞེས་གསུངས་པ་དང་།


         ཞི་ཅིན་ཕིང་གིས།  ཙུང་ཐུང་སྐུ་ཞབས་ནས་ཙུང་ཐུང་གི་འགན་ཁུར་ནས་ལོ་གཉིས་སོང་རིང་ང་ཚོའི་བར་མཇལ་མོལ་ཐེངས་དྲུག་བྱུང་།  ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་དང་།  ཐུན་མོང་ངོས་འཛིན་སྲ་བརྟན་བཏང་བ།  མཛའ་གྲོགས་ཟབ་ཏུ་བཏང་ཡོད།  ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག  ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་།  རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ།  ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད།  ང་རང་ནས་ཙུང་ཐུང་སྐུ་ཞབས་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་རྒྱང་རིང་གོང་འཕེལ་འཆར་འགོད་དང་།  མཛའ་གྲོགས་རྒྱུན་འཛིན།  མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་བར་ཁྱིམ་མཚེས་ཡག་པོ་དང་།  གྲོགས་པོ་བཟང་པོ།  རོགས་པ་ཡག་པོ་བཅས་བྱས་ཏེ་དར་རྒྱས་གོང་འཕེལ་མཉམ་སྤྱོད་བྱ་འདོད་ཡོད་ཅེས་གསུངས་པ་དང་།

        ཞི་ཅིན་ཕིང་གིས།  ཕྱོགས་གཉིས་པོས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་དང་།  ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་བའི་བླང་བྱ་དང་ཡང་འཚམས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་འབྲེལ་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཤུགས་ཆེར་གཏོང་བ་དང་།  རིམ་པ་ཁག་དང་བང་རིམ་ཁག་གི་འགྲོ་འོང་ལ་སྐུལ་འདེད་གཏོང་བ།  འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས།  ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།  ཕྱོགས་གཉིས་པོས་བདེ་འཇགས་དང་།  གོང་འཕེལ།  མི་ཆོས་རིག་གནས་བཅས་འདེགས་སྐྱོར་ཁྱབ་ཁོངས་ཆེན་པོ་གསུམ་གྱི་མཉམ་ལས་སྔར་བས་ཟབ་པའི་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས།  ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཧྥི་ལི་ཕིན་གི་དུག་འགོག་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་།  མུ་མཐུད་ནས་རང་ནུས་གང་དཔོག་གིས་ཧྥི་ལི་ཕིན་ལ་རྒྱབ་སྐྱོར་བྱེད་པ་དང་།  ཧྥི་ལི་ཕིན་གྱི་དབུལ་ཕོངས་ཉུང་གཏོང་སོགས་སྤྱི་ཚོགས་དམངས་འཚོའི་རྣམ་གྲངས་མང་པོར་རོགས་རམ་བྱེད་པ།  སློབ་གསོ་དང་རིག་གནས།  ཡུལ་སྐོར་སོགས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཤེས་རྟོགས་དང་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བའི་གར་སྟེགས་གསར་པ་སྐྲུན་རྒྱུ་ཡིན།  ཧྥི་ལི་ཕིན་ནི་ཀྲུང་གོས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་རོགས་པ་གལ་ཆེན་ཞིག་ཡིན།  ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཧྥི་ལི་ཕིན་གྱི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གློག་འཕྲིན།  ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད་པ་རེད། 


ཞི་ཅིན་ཕིང་གིས།  ཀྲུང་གོས་ཧྥི་ལི་ཕིན་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་སྣོན་ཁུལ་མཉམ་ལས་ཀྱི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་།  ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་ལེགས་བཅོས་རིམ་འཕར་བྱས་ནས།  ཨེ་ཤ་ཡ་ཤར་མའི་མཉམ་ལས་ལ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།  

ཏུའུ་ཐེར་ཐེས།  ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཧྥི་ལི་ཕིན་ལ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན།  དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལོ་ངོ་༡༣ནང་ཧྥི་ལི་ཕིན་ལ་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པས།  ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ལ།  རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས།  རྒྱལ་ཁབ་གཉིས་པོའི་རོགས་པའི་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུ་རེད།  ཧྥི་ལི་ཕིན་གྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་ངོ་༤༠རིང་ཐོབ་པའི་གྲུབ་འབྲས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།  ཀྲུང་གོའི་མི་དམངས་ནས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།  ཧྥི་ལི་ཕིན་གྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་བཤེས།  བདག་དབང་འདྲ་མཉམ་སོགས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་།  ཉོ་ཚོང་དང་མ་འཇོག  ཞིང་ལས།  འགོག་སྲུང་།  འཕྲོད་བསྟེན།  དུག་འགོག  དམངས་འཚོ་ལེགས་བཅོས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  ནུས་པའི་འབྱུང་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།  སློབ་གསོ་དང་མི་ཤུགས་ཐོན་ཁུངས་སོགས་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱེད་འདོད་ཡོད།  ཧྥི་ལི་ཕིན་གྱིས་རང་ས་ཁུལ་གྱི་རྒྱལ་ཁབ་དང་ཐུན་མོང་ཐོག་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུའི་མོས་མཐུན་བྱེད་ཀྱི་ཡོད་ཅིང་།  ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད།  རྒྱལ་སྤྱིའི་བྱ་དོན་ཐག་གཅོད་བྱེད་པའི་ཁྲོད།  ཀྲུང་གོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཡོད།  ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།  


མཇལ་མོལ་གནང་གྲུབ་རྗེས།  རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་སྣུམ་རླངས་གསར་སྤེལ་མཉམ་ལས་སྐོར་གྱི་བསམ་ཤེས་བརྗེད་ཐོ་སོགས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད།  

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད་གནང་སྐབས།  ཞི་ཅིན་ཕིང་གིས།  ཀྲུང་གོ་དང་ཧྥི་ལི་ཕིན་ནི་ཨེ་ཤ་ཡའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཞིང་།  གོང་འཕེལ་གྱི་ལས་འགན་འདྲ་པོ་ཡོད་ལ།  དབུགས་ལམ་གཅིག་འབྲེལ་དང་ལས་དབང་མཉམ་གནས་ཀྱི་རང་བྱུང་རོགས་པ་ཞིག་ཡིན།  ལྷོ་རྒྱ་མཚོའི་ཐོག་ཀྲུང་གོ་དང་ཧྥི་ལི་ཕིན་ལ་ཐུན་མོང་ཁེ་ཕན་རྒྱ་ཆེར་གནས་ཡོད་པ་དང་།  མུ་མཐུད་ནས་མཛའ་གྲོགས་གྲོས་མོལ་བརྒྱུད་འགན་ཟླ་དོ་དམ་ཚོད་འཛིན་བྱེད་པ་དང་།  མཚོ་ཐོག་དངོས་གྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས།  ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་མི་དམངས་ཀྱི་ཕན་བདེའི་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།  

ཉིན་དེ་གའི་ཕྱི་དྲོ།  ཞི་ཅིན་ཕིང་གིས་ད་དུང་ཧྥི་ལི་ཕིན་གྱི་རྒྱལ་འཛུགས་མེས་པོ་ལི་ཧྲ་ཡི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་ཡོད་པ་རེད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མགོན་པོ་གཡུལ་རྒྱལ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།