ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ལི་དང་མཇལ་འཛོམས་གནང་བ།

༄༅༎ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡས་ཧྥུ་དང་མཇལ་འཛོམས་གནང་བ།


   སྤྱི་ཚེས་༢༢ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡས་ཧྥུ་དང་མཇལ་འཛོམས་གནང་བ་རེད།


   ཞི་ཅིན་ཕིང་གིས་ཙུང་ལི་ས་ཅིན་ཐ་ཡས་ཧྥུར་ཙུང་ཐུང་ན་ཀྲར་པ་ཡས་ཧྥུར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་དང་།  ཞི་ཅིན་ཕིང་གིས།  ང་རང་དང་ཙུང་ཐུང་ན་ཀྲར་པ་ཡས་ཧྥུ་ནས་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་དང་།  ཐུན་མོང་ངོས་འཛིན་གལ་ཆེན་མང་པོ་བཞག་པ།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་གོང་འཕེལ་ལ་མཉམ་དུ་ཁྲིད་སྟོན་བྱེད་ཀྱི་ཡོད།  རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག  ཐུན་མོང་ངོས་འཛིན་དེ་དག་དོན་འཁྱོལ་ཏན་ཏིག་ཐུབ་བཞིན་ཡོད།  མཛའ་གྲོགས་ཁྱིམ་མཚེས་དང་ཁྱོན་ཡོངས་འཐབ་ཇུས་རོགས་པ་ཡིན་པའི་ངོས་ནས།  ཀྲུང་གོའི་ཕྱོགས་ནས་ཧ་སག་སི་ཐན་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་།  ཧ་སག་སི་ཐན་གྱི་མི་དམངས་ཀྱིས་ལྟེ་བ་བྱས་པའི་གོང་འཕེལ་འདུ་ཤེས་ལ་བསྔགས་བརྗོད་བྱེད་པ།  ཧ་སག་སི་ཐན་མི་དམངས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་ནན་བཏོན་གནང་བ་དང་།


   ཞི་ཅིན་ཕིང་གིས།  ད་ལོ་ནི་ང་རང་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་ལྔ་འཁོར་ཡོད།  ལོ་ལྔའི་ནང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།  འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་སྒུལ་ནུས་གསར་པ་བསྣན་ཡོད།  ང་ཚོས་ཧ་སག་སི་ཐན་ནས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་མ་ཟད་དེའི་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་བྱེད་ཀྱི་ཡོད།  ཀྲུང་གོ་དང་ཧ་སག་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྨང་གཞི་བརྟན་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད།  གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་གཙོ་གནད་ཐོག་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་།  དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་འོད་སྣང་ལམ་བུའི་དཔལ་འབྱོར་སྲིད་ཇུས་གསར་པ་འབྲེལ་མཐུད་བྱ་རྒྱུ་དོན་འཁྱོལ་ཡག་པོ་བྱེད་པ་དང་།  ཁྱབ་ཁོངས་ཁག་གི་མཉམ་ལས་འཆར་འགོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།


   ས་ཅིན་ཐ་ཡས་ཧྥུས་ཐོག་མར་ཙུང་ཐུང་ན་ཀྲར་པ་ཡས་ཧྥུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད།  ས་ཅིན་ཐ་ཡས་ཧྥུས།  ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་ཡག་པོ་དང་།  གྲོགས་པོ་ཡག་པོ།  འཐབ་ཇུས་རོགས་པ་བཅས་ཡིན།  ཧ་སག་སི་ཐན་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་གོང་ཧ་སག་སི་ཐན་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་གྲོས་འགོ་བཏོན་གནང་བར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད།  རླབས་ཆེའི་གྲོས་འགོ་དེས་ས་ཁོངས་བར་གྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་དང་།  འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ།  འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ།  ཐུན་མོང་ཐོག་འཕར་སྣོན་དང་དར་རྒྱས་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་དེ་རྒྱ་མཚོ་ཆེན་པོར་དཔེ་བཞག་གནང་བ་དང་།  ཧ་སག་སི་ཐན་ཕྱོགས་ནས་ཧ་སག་སི་ཐན་དང་ཀྲུང་གོའི་མཉམ་ལས་ཀྱི་གྲུ་གཟིངས་དེ་ཀྲུང་གོའི་དཔལ་འབྱོར་རྒྱ་མཚོ་ཆེན་མོའི་ཁྲོད་གཡོ་གྲུར་བརྟེན་ནས་ཐག་རིང་དུ་སྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།


   ཡང་ཅེ་ཁྲེ་དང་།  ཝང་དབྱིས།  ཧོ་ལི་ཧྥོང་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མགོན་པོ་གཡུལ་རྒྱལ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།