སྒོར་དུང་ཕྱུར་ལྷག་ལྐོག་ཟ་བྱས་པའི་དཔོན་ཆེན་ཞིག་ལ་ཚེ་བཙོན་བཅད་པ།

   

   སྤྱི་ཟླ་11ཚེས་20ཉིན། ཧུའུ་ནན་ཞིང་ཆེན་ཀྲོའི་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲའན་ཤིས་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་ཝེ་མིན་ཀྲོའུ་(魏民洲)ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད་ལ།  ཁོས་ལྐོག་རྔན་སྒོར་དུང་ཕྱུར་ལས་བརྒལ་བ་བླངས་ཡོད་ཕྱིར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། ཆབ་སྲིད་དབང་ཆ་ཚེ་གང་བོར་འཕྲོག་རྒྱུ་དང་། མི་སྒེར་གྱི་རྒྱུ་ནོར་ཡོངས་སུ་རྫོགས་པ་གཞུང་བཞེས་གཏོང་རྒྱུ་བྱས་འདུག

   འདྲི་ཞིབ་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར།  1996ལོ་ནས་2017ལོའི་བར། ཝེ་མིན་ཀྲོའུ་ཡིས་གུང་གཞོན་ཚོགས་པའི་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཧྲའན་ཤིས་ཞིང་ཆེན་ཧྲང་ལོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི། ཀྲུང་གུང་ཧྲང་ལོ་གྲོང་ཁྱེར་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཡིག་ཆེན་མོ།  ཤིས་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲའན་ཤིས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་རིང་། འབྲེལ་ཡོད་ཚན་པས་གཏེར་ཁ་ལེན་པ་དང་། ས་ཆ་ཧབ་ཚོང་བྱེད་པ།   མ་རྩ་མཉམ་བསྲེ་དང་དངུལ་བུན་སྐྱི་བ་སོགས་ལ་རོགས་བྱས་ཏེ། རང་ཉིད་དམ་རང་གི་གཉེན་ཉེ་བརྒྱུད་རོགས་བྱེད་ཡུལ་ཚོས་སྤྲད་པའི་རྒྱུ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་1.09783324ལྐོག་ལེན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

སྒྲིག་སྒྱུར། བསོད་ནམས་འཚོ།