༢༠༡༩ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་རེད་དམ།


   ཉེ་ཆར། ལོ་གསར་གུང་སེང་ལ་རེ་སྒུག་བྱེད་མཁན་ཡོད་སྲིད་པ་དང་། གྲོགས་པོ་ཆུང་ཆུང་རྣམས་ཀྱིས་ཉིན་རེ་རེར་བཞིན་ཉིན་མ་བརྩིས་ནས་གུང་སེང་ལ་རེ་སྒུག་བྱེད་བཞིན་ཡོད་ལ། ཟླ་གཅིག་ལྷག་ཙམ་གྱི་རྗེས་སུ་སྤྱི་རྩིས་ལོ་གསར་ལ་བསླེབ་པ་རེད། ཡིན་ནའང་ཚང་མས་ཆེས་རེ་སྒུག་བྱེད་ས་དེ་ནི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཡིན། རྒྱུ་མཚན་ནི་སྐབས་དེར་ཁྱིམ་མི་ལྷན་འཛོམས་བྱུང་བའི་ཉིན་མོ་ཡིན་ཏེ། ༢༠༡༩ལོའི་བོད་ཀྱི་ལོ་གསར་ནི་དུས་ནམ་ཞིག་ལ་ཁེལ་ཡོད་མེད་ཤེས་འདོད་ཚེ་གཤམ་དུ་གཟིགས་རོགས།

   

   བསྟུད་མར་ནས་ལོ་གཉིས་ལ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་ཁེལ་འདུག



   བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཡིན། བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་དུས་ཚོད་ལ་ཁྱད་པར་ཡོད་ཅིང་། ལན་རེར་ཉིན་གཅིག་ལ་ཁེལ་བ་དང་། ལན་རེར་དུས་ཆེན་གཉིས་ཀྱི་བར་ལ་ཉིན་གཅིག་དང་། ཡང་ན་ཟླ་གཅིག་གི་དུས་ཚོད་ཡོད་པ་རེད། ལོ་རེ་རེའི་བོད་ཀྱི་ལོ་གསར་ག་དུས་ཡིན་པ་ཤེས་འདོད་ན་བོད་ཀྱི་ལོ་ཐོ་ལ་གཟིགས་དགོས། མི་རྣམས་ཀྱིས་དུས་རྒྱུན་ལོ་ཐོར་གཞིར་བཟུང་ནས་ཞིང་འདེབས་པ་དང་དུས་ཆེན་གྱི་ཆོ་ག་སྤེལ་བ། གཉེན་སྒྲིག་པ་སོགས་ཀྱི་གཟའ་སྐར་གཏན་ཁེལ་བྱེད་བཞིན་ཡོད། དེ་བས་ལོ་ཐོ་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་སྔོན་མའི་ལོ་མཇུག་ཏུ་བོད་ལྗོངས་སྨན་རྩིས་ཁང་གི་ཆེད་མཁས་མི་སྣས་རྩོམ་སྒྲིག་བྱེད་བཞིན་ཡོད་ལ། ད་ལོའི་ལོ་ཐོ་ཡང་རྩོམ་སྒྲིག་བྱས་ཚར་ནས་ད་ལྟ་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན།


      

   ཆེད་མཁས་པ་རྒན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་པ་བྱས་པ་ལྟར་ན། ༢༠༡༩ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་ཁེལ་འདུག་པ་དང་། སྤྱི་ལོ་༢༠༡༩ལོའི་ཟླ་༢ཚེས་༥ཉིན་ཡིན། བསྟུད་མར་ལོ་གཉིས་ཉིན་གཅིག་ལ་ཁེལ་འདུག་པ་འདི་ལྟ་བུ་ལོ་མང་པོའི་ནང་ཐེངས་གཅིག་མ་གཏོགས་ཡོད་པ་མ་རེད། ༢༠༡༨ལོ་དང་༢༠༡༩ལོ་གཉིས་ལ་བསྟུད་མར་ཉིན་གཅིག་ལ་ཁེལ་འདུག


ཡོང་ཁུངས། སེམས་ཀྱི་ཞིང་ཁམས།