ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཚོགས་འདུ་འདི་འདྲ་ཞིག་འཚོགས་འདུག

        སྤྱི་ཟླ་༡༡པའི་ཚེས་༢༤ཉིན། སྤྱི་ལོ་༢༠༡༨ལོའི་བོད་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བོད་རིག་པའི་རིག་ཚན་འཛུགས་སྐྱོང་། རྒྱུད་གཅིག་ལམ་གཅིག་གི་མཐོང་ལམ་འོག་ཞང་ཞུང་དང་བོན། རྒྱལ་རོང་བཅས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྐོང་ཚོགས་བྱས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། པེ་ཅིང་སློབ་ཆེན། ཐན་ཅིང་ནན་ཁའེ་སློབ་ཆེན་སོགས་མི་རིགས་སློབ་ཆེན་ཁག་དང་བོད་རིག་པ་དང་འབྲེལ་ཡོད་སློབ་གླིང་ཁག་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་རྣམས་ཐེངས་འདིའི་གྲོས་ཚོགས་ཐོག་ཞུགས་པ་མ་ཟད། སོ་སོས་བོད་ཁུལ་སློབ་གྲྭའི་སློབ་གསོའི་དངོས་ཡོད་ཀྱི་གནད་དོན་དང་མ་འོངས་པའི་འགྲན་རྩོད་ལ་གཞིགས་ནས་ཐུན་མོང་ཐོག་བོད་ཁུལ་གྱི་སློབ་གསོ་བསྒྱུར་བཅོས་དང་གོང་འཕེལ་གྱི་ལམ་བུ་གསར་པ་གཏོད་རྒྱུའི་སྐོར་ལ་གསུང་བཤད་རབ་དང་རིམ་པ་གནང་ཡོད།

 

ཚོགས་རའི་ཡུལ་དངོས།

        མི་འཇོན་ཐང་ཅན་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ནུས་ཁུངས་ཡིན་ལ། སློབ་གྲྭ་ནི་མི་འཇོན་ཐང་ཅན་གསོ་སྐྱོང་བྱེད་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་སྟོན་གནང་བ་ལྟར། སློབ་གསོའི་ལས་དོན་ནི་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་ལ་ཐུག་ཡོད། སྤྱོད་བཟང་འཇོན་ཐང་ཅན་གསོ་སྐྱོང་བྱ་རྒྱུ་རྩ་བར་བཟུང་ནས། སྔ་གཞུག་རིམ་པ་ཀུན་ནས་མི་སྐྱོང་བ་དང་། ཕྱོགས་ཐམས་ཅད་ནས་མི་སྐྱོང་སྟེ། རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་བྱ་གཞག་ལ་རྣམ་པ་གསར་པའི་འཕེལ་རྒྱལ་ཡོང་བ་བྱེད་དགོས་ཞེས་པ་དང་། རྒྱལ་སྟོབས་ཆེ་རུ་འགྲོ་དགོས་ན་མི་ལ་རག་ལས་ཤིང་། མི་འཇོན་ཐང་ཅན་དུ་འགྱུར་རྒྱུ་སློབ་གསོར་བརྟེན་དགོས་ངེས་རེད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་ནི་རང་རེའི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཡིན་ལ། རང་རྒྱལ་གྱི་རིམ་པ་ཁག་དང་རིགས་སོ་སོའི་སློབ་གྲྭ་ཡོངས་ཀྱི་ཐུན་མོང་གི་འདོར་དུ་མེད་པའི་འོས་འགན་ཞིག་ཀྱང་རེད།

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་འབྲུག་ལྷས་གསུང་བཤད་གནང་བཞིན་པ།


        ཚོགས་ཞུགས་མི་སྣས་ངོས་འཛིན་བྱས་པར། མིག་སྔར་བོད་ཁུལ་སློབ་གྲྭས་མི་སྣ་གསོ་སྐྱོང་བྱེད་པར་ཆེད་སྦྱོང་བཀོད་སྒྲིག་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ་ཞིག་ཡིན་པས། ཆེད་སྦྱོང་གི་ཁྱད་ཆོས་མངོན་གསལ་དོད་པ་དང་། མི་སྣ་གསོ་སྐྱོང་གི་གཞི་རྩའི་རིག་ལམ་ཡངས་པ། སློབ་ཁྲིད་བཀོད་སྒྲིག་ལུགས་དང་མཐུན་པ་སོགས་ཡོང་བ་བྱས་ཏེ། དེང་རབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་མཐུན་པའི་མི་སྣ་གསོ་སྐྱོང་ཐུབ་ཆེད། སློབ་གསོའི་འདུ་ཤེས་དང་མི་སྣ་གསོ་སྐྱོང་གི་མ་རྩའི་རིག་ལམ་ལེགས་བསྒྱུར་བྱ་རྒྱུ་དང་། སློབ་ཁྲིད་བྱེད་ཐབས་གསར་བཅོས་བྱས་ནས་ལག་ལེན་གནད་དུ་སྨིན་པའི་སློབ་ཁྲིད་བྱ་རྒྱུ་ནི་ཐབས་ལམ་གལ་ཆེ་ཤོས་དེ་ཡིན་པ་རེད།

        གཞན་ཡང་ཚོགས་ཞུགས་མཁས་པ་མང་པོས། བོད་རིག་པའི་རིག་ཚན་འཐུས་ཚང་ཞིག་ལེགས་གྲུབ་ཡོང་དགོས་ཚེ། བོད་ཀྱི་སྲོལ་རྒྱུན་རིག་ཚན་གཞིར་བཟུང་ནས་དེང་རབས་རིག་ཚན་ཁ་སྣོན་བྱ་དགོས་ངེས་ཡིན་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་གནའ་རབས་ཀྱི་ཞང་ཞུང་དང་། བོན། རྒྱལ་རོང་སོགས་ཀྱི་རིག་གནས་ནི་གྲུབ་ཆ་གལ་ཆེན་བཟུང་ཡོད་པ་དང་།  དེ་དག་ལ་ཞིབ་འཇུག་བྱེད་པ་བརྒྱུད། མདོ་དབུས་མཐོ་སྒང་གི་གནའ་བོའི་རིག་གནས་དང་ལོ་རྒྱུས་རིག་གཞུང་ལ་ཡང་དག་པའི་འཚོལ་ཞིབ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ལག་ལེན་བསྟར་བའི་བྱ་ཐབས་ཤིག་ཡིན་པ་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་གནང་འདུག

        རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་གོ་ལ་ཧྲིལ་པོ་ཅན་གྱི་རྒྱལ་ལྗོངས་འོག་བོད་ཁུལ་སློབ་གསོའི་གནད་དོན་དང་སློབ་གྲྭའི་ལམ་ལུགས་བསྒྱུར་བཅོས་དང་། བོད་ཁུལ་ཀྱི་རྨང་གཞིའི་སློབ་གསོའི་ད་ཡོད་གནས་ཚུལ་དང་གནད་དོན། བོད་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གནས་ཚུལ། མི་རིགས་མཐོ་སློབ་སློབ་གསོ་དང་མི་རིགས་ས་ཁུལ་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོའི་གནད་དོན། མི་རིགས་མཐོ་སློབ་ཀྱི་བོད་རིག་པའི་ཆེད་ལས་གོང་འཕེལ་གྱི་རྣམ་པ། མཐོ་སློབ་བོད་རིག་པའི་ཆེད་ལས་ཀྱི་སློབ་དེབ་པར་སྐྲུན། རྒྱལ་སྤྱི་ཅན་གྱི་མཐོང་ལམ་འོག་བོད་རིག་པའི་རིག་ཚན་འཛུགས་སྐྱོང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་བཅས་འདུས་ཡོད་པ་རེད།

        བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་གྲགས་ཅན། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་རྒྱུད་འཛིན་པ། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་དང་ལེན་པ། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་མཐོ་རིམ་དགེ་རྒན་དཔག་བསམ་དོན་འགྲུབ་གདན་ཞུས་ལྟར་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གནང་ཡོད་པ་མ་ཟད། སྤྱི་ཟླ་༡༡པའི་ཚེས་༢༣ཉིན་ནས་༢༦ཉིན་བར་ཁོང་གི་ཡིག་གཟུགས་བརྩམ་བྱ་འགྲེམ་སྟོན་བྱེད་ཀྱི་ཡོད།

  དཔག་བསམ་དོན་འགྲུབ་གྱི་ཡིག་གཟུགས་བརྩམས་ཆོས།

        ཁོང་གིས་གསར་འགོད་པར། ཡིག་གཟུགས་སྒྱུ་རྩལ་ནི་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ང་རང་ཡིག་གཟུགས་འབྲི་མཁན་ཞིག་ཡིན་པའི་ངོས་ནས། དེ་སྔོན་ཡིག་གཟུགས་འདི་སློབ་ཁྲིད་དངོས་ནང་འཇོག་དགོས་པའི་འབོད་སྐུལ་ཐེངས་མང་བྱས་མྱོང་། དགའ་འོས་པ་ཞིག་ལ་ད་ལྟ་སློབ་གསོ་པུས་ཆོག་མཆན་སྤྲད་དེ་ཡིག་གཟུགས་སྒྱུ་རྩལ་འདི་སློབ་གྲྭ་མང་པོའི་སློབ་ཁྲིད་དངོས་ནང་བཞག་ཡོད། འོན་ཀྱང་མིག་སྔར་ད་དུང་ཡིག་གཟུགས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དགེ་རྒན་དཀོན་པ་དང་། དགེ་རྒན་ཡོད་ཀྱང་དེ་དག་གི་ལས་གནས་དང་སྒྲིག་ཁོངས་འགན་ལེན་དང་ཐག་གཅོད་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་རེད་འདུག དེ་བས་ང་རང་གིས་ཀྱང་མུ་མཐུད་འདིའི་ཐད་འབད་འབུང་ལྷོད་མེད་བྱེད་ངེས་ཡིན་ཅེས་གསུངས་བྱུང་།


ཡོང་ཁུངས། ང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་ཞིབ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ། མིག་དམར་རྒྱ་མཚོ།

རྩོམ་སྒྲིག་པ། བཀྲ་ཤིས་རྡོ་རྗེ། མཁའ་སྤྱོད་དབང་མོ།