རང་མོས་ཉོ་ཚོང་ཁུལ་བཙུཊ་རྗེས་ལོ༥ནང་འཕེལ་འགྱུར་འདི་འདྲ་བྱུང་འདུག

ཧྲང་ཧེའི་རང་མོས་ཉོ་ཚོང་ཁུལ།


        རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནང་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱ་ཐབས་ཤིག་ཡིན་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་རེད། སྤྱི་ལོ༢༠༡༣ལོར་བཙུགས་པའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་ནས་ད་ཆའི་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཁུལ་བཅུ་གཉིས་བར། སྔར་མེ་ཏོག་རྐང་གཅིག་རྣམ་པར་བཞད་པ་ནས་ད་ཆ་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་པར་གྱུར་ཡོད། ལོ་ལྔའི་ནང་། རང་མོས་ཉོ་ཚོང་ཁུལ་གྱིས་མ་འཇོག་དང་། ཉོ་ཚོང་། དངུལ་རྩ།  ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ནང་གཞན་གྱི་སྔོན་ལ་ཚོད་ལྟ་དང་། བློ་ཁོག་ཆེན་པོས་གསར་གཏོད་ཀྱིས། ལམ་ལུགས་གསར་གཏོད་ལ་བརྟེན་ནས་བསྒྱུར་བཅོས་སྒོ་དབྱེ་མཐོ་ཚད་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ཧྲེན་ཀྲེན་ཆན་ཧྲེ་གའུ་རང་མོས་ཉོ་ཚོང་ཁུལ།


ཉིན་གསུམ་ནང་ཅི་ཞིག་བྱེད་ཐུབ་བམ། ཀོང་ཏུང་རང་མོས་ཉོ་ཚོང་ཁུལ་ཧྲེན་ཀྲེན་ཆན་ཧའི་ཧྲེ་གའུ་ཁུལ་གྱིས་དྲི་བ་དེར་བཏབ་པའི་ལན་ནི། ཉིན་གསུམ་ནང་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཤིག་འདོན་ཐུབ་པ་དེ་རེད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལྟེ་བ་དེ་ལམ་ལུགས་གསར་གཏོད་ལ་གནས་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་རྗེས། ཧྲེན་ཀྲེན་གྱིས་སླར་ཡང་ཆེས་མདུན་སར་བསྐྱོད་པ་དང་། གསར་དུ་བཙུགས་པའི་ཆན་ཧའི་གྲེ་གའུ་རང་མོས་ཉོ་ཚོང་ཁུལ་གྱི་གསར་གཏོད་ཀྱི་བར་ཁམས་དེ་གང་དུ་ཡོད་དམ།


སྤྱི་ལོ༢༠༡༢ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆན་ཧའི་ཡི་གོང་འཕེལ་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ལོ༢༠༡༥ལོའི་ཟླ་བ་བཞི་པར། ཀོང་ཏུང་རང་མོས་ཉོ་ཚོང་ཁུལ་ཧྲེན་ཀྲེན་ཆན་ཧའི་ཧྲེ་གའུ་ཁུལ་གྱི་སྒོ་བྱང་བཀལ་བ་དང་། ད་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཧྲེན་ཀྲེན་དུ་ཕེབས་ནས། ཆན་ཧའི་ཡི་གོང་འཕེལ་དཔེ་དབྱིབས་ལ་ཁས་ལེན་གནང་བ་མ་ཟད། འཛམ་གླིང་ལ་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་ནམ་ཡང་མཚམས་འཇོག་བྱེད་མི་སྲིད་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མས་དེ་བས་ཟབ་པ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་ཟམ་མི་ཆད་པར་གསར་གཏོད་དང་ཟམ་མི་ཆད་པར་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག


བསྒྱུར་བཅོས་སྒོ་དབྱེའི་ས་ཁོངས་ཀྱི་རྒྱ་ཆེ་ཚད་དང་ནང་དོན་གཏིང་ཟབ་ཚད་ཁྱོན་ཡོངས་ནས་རིམ་འཕར་བྱུང་བ་དང་། རང་མོས་ཉོ་ཚོང་ཁུལ་གྱིས་བསྒྱུར་བཅོས་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་ཀྱི་ལས་འགན་འཁུར་ཡོད།


རང་མོས་ཉོ་ཚོང་ཁུལ་གྱི་བསམ་ཕོད་སྒྲུབ་ཕོད་དེས་རྐྱེན་པས་ཤང་ཀང་གི་ཁྲིམས་རྩོད་པ་ལིན་ཤིན་ཆང་གིས་ཆན་ཧའི་རུ་རྒྱལ་ཡོངས་ཀྱི་ཀོང་ཏུང་དང་། ཤང་ཀང་། ཨའོ་མན་བཅས་ཀྱི་མཉམ་དུ་གཉེར་བའི་ཁྲིམས་རྩོད་པའི་བྱ་དོན་ཁང་དང་པོ་དེ་བཙུགས་པ་དང་། ཁོང་གིས་མིང་ཤོག་ཁ་ཤས་ལ་བརྟེན་ནས་རང་མོས་ཉོ་ཚོང་ཁུལ་གྱི་ལམ་ལུགས་གསར་གཏོད་ཟམ་མི་ཆད་པར་བསྣོར་བསྲིངས་བྱས་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད། མིང་ཤོག་དང་པོ་དེ་མཉམ་གཉེར་ཁྲིམས་རྩོད་པའི་བྱ་དོན་ཁང་གི་མིང་ཤོག་དེ་ཡིན་པ་དང་། དེའི་ཐོག་ནས་ཆན་ཧའི་ནས་བཏོན་པའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལམ་ལུགས་བསྒྱུར་བཅོས་དེ་མཚོན་པ་དང་། ཁྱབ་ཁོངས་མང་པོར་ཆོག་མཆན་སྤྲད་པས། ཤང་ཀང་གི་ལས་གཉེར་ཐོབ་ཐང་ལག་ཁྱེར་ཡོད་པའི་ཤེས་ལྡན་མི་སྣས་ཐད་ཀར་ནང་སར་ལས་གཉེར་ཆོག་པར་གྱུར་ཡོད།  ཆན་ཧའི་ཤང་ཀང་གི་ཚོང་ཚོགས་ཀྱི་མིང་ཤོག་དེའི་ཐོག་ནས་ཆན་ཧའི་ཡིས་ས་ཁོངས་ལས་བརྒལ་བའི་ཐོག་ནས་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་བ་སོགས་དངུལ་རྩའི་བསྒྱུར་བཅོས་བྱས་རྗེས། ཤང་ཀང་གི་ཁེ་ལས་མང་པོ་ཞིག་གིས་དེ་གར་ཁེ་ལས་བཙུགས་པ་མཚོན་ཡོད་པ། འཛམ་གླིང་ཧྲིལ་པོའི་ཁྲིམས་རྩོད་པའི་མནའ་འབྲེལ་གྱི་མིང་ཤོག་དེའི་ཐོག་ནས་ཆན་ཧའི་ཡིས་ནང་ས་རུ་ཤང་ཀང་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འཚམས་པའི་ལམ་བུ་འཚོལ་ཞིབ་བྱེད་པ་མཚོན་ཡོད་པ་རེད།


ཕྱོགས་གཅིག་ནས་རྐང་པ་འཛུགས་ས་ལག་པས་བཙལ་ནས་བསྐྱོད་པ་དང་། ཕྱོགས་གཅིག་ནས་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་སྤེལ་བཏང་ཡོད། ད་ལོའི་ཟླ་བ་ལྔ་པར། རྒྱལ་ཁབ་ནས་གཏན་འབེབ་གསར་པ་པར་འགྲེམས་བྱས་ནས། ནང་ས་དང་ཤང་ཀང་དང་ཨའོ་མན་ས་ཁུལ་གྱི་རོགས་ལས་མཉམ་གཉེར་གྱི་ཁྲིམས་རྩོད་པའི་བྱ་དོན་ཁང་འཛུགས་པའི་ཁྱབ་ཁོངས་དེ་ཀོང་ཏུང་ནས་རྒྱལ་ཡོངས་སུ་རྒྱ་བསྐྱེད་གཏོང་རྒྱུའི་འཆར་གཞི་བཏོན་ཡོད་པ་རེད། ད་ལོའི་ཟླ་བ་བརྒྱད་པར། རྒྱལ་ཁབ་ནས་ཐའེ་ཝན་དང་ཤང་ཀང་ཨའོ་མན་བཅས་ཀྱི་མི་སྣས་ནང་སར་ལས་ཞུགས་བྱེད་པའི་ཆོག་འཐུས་ཞིབ་མཆན་མེད་པ་བཟོས་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་མིང་མཐོང་ལག་ཟིན་གྱི་གྲུབ་འབྲས་དེ་དག་གིས་ང་ཚོའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།


ལོ་ལྔའི་ནང་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་པའི་མ་འཇོག་གི་ལྡོག་ཕྱོགས་གསལ་ཐོ་དང་པོ་དེར་ཐོག་མའི་དོན་ཚན་བརྒྱ་དང་དགུ་བཅུ་ཡོད་པ་ནས་ད་ཆའི་བཞི་བཅུ་ཞེ་ལྔའི་བར་ཉུང་དུ་ཕྱིན་ཡོད་པ་རེད། ལོ་ལྔའི་ནང་། ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུ་དང་། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་རྒྱུ། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་བྱ་རྒྱུ་བཅས་ཀྱི་ཁྱབ་ཁོངས་སུ། རང་མོས་ཉོ་ཚོང་ཁུལ་དུ་བསྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་༡༥༣གྲུབ་པ་དེ་དག་རྒྱལ་ཡོངས་ཁྱབ་གདལ་བཏང་ཡོད་པ། ལོ་ལྔའི་ནང་མཚོ་འགྲམ་ནས་ནང་ལོག་སྐམ་ས་དང་། བྱང་ནས་ལྷོ་བར།  རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་བསྐྲུན་དེ། རྒྱུད་གཅིག་ལམ་གཅིག་འཛུགས་བསྐྲུན་དང་རང་མོས་ཉོ་ཚོང་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་སོགས་ཁྱབ་ཁོངས་མཉམ་ལས་བར་ཕན་ཚུན་གཞོགས་འདེགས་ཀྱིས། ཁྱོན་ཡོངས་ནས་སྒོ་མོ་དབྱེ་བའི་གནས་སྟངས་གསར་པ་གྲུབ་རྒྱུར་རོགས་འདེགས་བྱས་ཡོད་པ་རེད། 


ད་ལོའི་ཟླ་བ་དགུ་པའི་ཟླ་མཇུག་བར། རང་མོས་ཉོ་ཚོང་ཁུལ་ཁག་གིས་ཁྱོན་ཁེ་ལས་གསར་པ་བཙུགས་པའི་གྲངས་འབོར་ལྔ་འབུམ་དྲུག་ཁྲི་ཟིན་པ་དང་། ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་གསུམ་ཁྲི་ཉིས་སྟོང་བཙུགས་ཤིང་། ས་ཁྱོན་རྒྱལ་ཡོངས་ཀྱི་ཁྲི་ཆ་གཉིས་ཡང་མི་ཟིན་པའི་ས་ཁུལ་དུ། ཕྱི་རྒྱལ་གྱི་མ་རྩ་བརྒྱ་ཆ་བཅུ་གཉིས་བསྡུ་འགུགས་བྱས་པ་དང་། ཕྱིར་གཏོང་ནང་འདྲེན་བརྒྱ་ཆ་བཅུ་གཉིས་གཏོད་ཡོད་པ་རེད།


        ད་ཆ་རང་མོས་ཉོ་ཚོང་ཁུལ་གྱིས་སྔར་བཞིན་ལམ་ལུགས་གསར་གཏོད་ཀྱི་མཐོ་ས་གསར་པར་འཛེགས་པ་དང་། བསྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་ཞིང་ཁ་དེ་དག་གིས་འགག་གཏོར་གྱིས་སོན་བཟང་གསོ་སྤེལ་གྱིས། བསྒྱུར་བཅོས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་རྒྱལ་ཡོངས་སུ་ཁྱབ་་གདལ་གཏོང་བཞིན་ཡོད་པ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། རིན་ཆེན་དབང་འདུས།