ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།

 

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ནས་གྲོས་ཚོགས་སྐོང་འཚོགས་གནང་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལས་དོན་ལ་ལྟ་སྐུལ་བྱེད་པའི་སྲོལ་ཡིག་ལ་གྲོས་ཞིབ་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ནས་སྤྱི་ཟླ་༡༡པའི་ཚེས་༢༦ཉིན་གྲོས་ཚོགས་སྐོང་འཚོགས་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལས་དོན་ལ་ལྟ་སྐུལ་བྱེད་པའི་སྲོལ་ཡིག་ལ་གྲོས་ཞིབ་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

        གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་ལ་བཟོ་བཅོས་བྱེད་པ་ནི་ཏང་གིས་གྲོང་གསེབ་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དང་། ཏང་གིས་གྲོང་གསེབ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞིང་། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཏང་གི་གྲོང་གསེབ་ཀྱི་སྲིད་འཛིན་རྨང་གཞི་སྲ་བརྟན་གཏོང་རྒྱུ་བཅས་ཚང་མར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་པའི་ངོས་འཛིན་གནང་བ་དང་། གྲོས་ཚོགས་ཐོག གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་གྲོང་ཚོ་དེའི་ཁོངས་སུ་གཏོགས་པའི་རིགས་ཁག་གི་རྩ་འཛུགས་དང་ལས་དོན་ཁག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་དགོས། གྲོང་གསེབ་ཀྱི་གལ་ཆེའི་བྱ་དོན་དང་གལ་ཆེའི་གནད་དོན་ཚང་མ་ཏང་རྩ་འཛུགས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་བྱ་དགོས་པ་དང་། གྲོང་ཚོ་རིམ་པའི་གལ་ཆེའི་ལས་དོན་བཀོད་ཇུས་ཐད་གྲོས་མོལ་བཞི་དང་ཡོངས་གྲགས་གཉིས་ལག་བསྟར་བྱ་དགོས་པ་དང་། གྲོང་ཚོའི་ལས་དོན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག  གྲོང་གསེབ་ཏང་ཀྲེ་པུའུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ཀྲེ་པུའུ་གྲོང་ཚོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ།  གྲོང་གསེབ་ཀྱི་ཁྱབ་ཁོངས་ཚང་མར་ཁྱབ་པ་བྱེད་པ།  གྲོང་གསེབ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱེད་པ།  རྫོང་རིམ་པའི་ཐོ་འགོད་དོ་དམ་ལག་བསྟར་བྱེད་པ།  ཧྲུའུ་ཅི་དང་པོ་བདམས་ནས་མངགས་གཏོང་བྱེད་པའི་ཕུགས་ཕན་སྒྲིག་གཞི་འཛུགས་པ།  ཉམས་ཞན་དང་ཁ་ཐོར་གྱི་གྲོང་ཚོའི་ཏང་རྩ་འཛུགས་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་པ།  གྲོང་གསེབ་ཀྱི་ཕུལ་བྱུང་གཞོན་ནུ་ཏང་ནང་ཞུགས་རྒྱུར་སྐུལ་སློང་བྱེད་པ།  གྲོང་གསེབ་ཀྱི་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  གྲོང་གསེབ་ཀྱི་ཏང་ཀྲེ་པུའུ་ཚང་མ་དམག་འཐབ་མཁར་རྫོང་བརྟན་པོར་འགྱུར་བ་བྱེད་དགོས།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གལ་ཆེའི་ལས་འགན་ཁྲོད་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  དབུལ་ཕོངས་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་སྐུལ་སློང་དང་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་གྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།  ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ཀྱི་བཟང་ཆ་དང་།  སྒྲིག་འཛུགས་ཀྱི་ནུས་པ།  སྒྲིག་འཛུགས་ཀྱི་སྟོབས་ཤུགས་བཅས་འདོན་སྤེལ་བྱས་ནས།  ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དངོས་སུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད།  ལས་འགན་ལེགས་གྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་ཤུགས་ཆེར་གཏོང་བ་དང་།  དབང་གྲགས་དང་ཤུགས་རྐྱེན་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

        གྲོས་ཚོགས་ཐོག  རིམ་ཁག་ཏང་ཨུད་དང་ལྷག་པར་དུ་རྫོང་རིམ་པའི་ཏང་ཨུད་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་།  གཞི་རྩའི་དཔུང་ཁག་དང་གཞི་རྩའི་བྱེད་སྒོ། གཞི་རྩའི་འཐབ་ས། གཞི་རྩའི་ལམ་ལུགས།  གཞི་རྩའི་འགན་སྲུང་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།  གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་དང་ཏང་རྩ་འཛུགས་ཀྱི་མང་ཚོགས་གཅིག་སྡུད་དང་ཞབས་ཞུ་བསྒྲུབ་པའི་ནུས་པ་མཐོ་རུ་གཏོང་དགོས།  འགལ་ཟླ་དང་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པ་དང་།  གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཡར་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག དུས་རབས་གསར་པའི་ཤང་གྲོང་སྒོ་ཀུན་ནས་དར་རྒྱས་ཡོང་རྒྱུར་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་སྲུང་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

        གྲོས་ཚོགས་ཐོག  ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་སྒྲིག་ཁྲིམས་ལག་བསྟར་ལས་དོན་ལ་ལྟ་སྐུལ་བྱེད་པའི་སྒྲིག་སྲོལ་ཞེས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  ཏང་གི་སྒྲིག་ཡིག་གཞི་རྩའི་སྲུང་བརྩི་ཞུ་ཡུལ་དུ་འཛིན་ནས་ཏང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གནས་བབ་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱས་པ།  ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱས་པ།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་རིགས་གཞུང་དང་།  ལག་ལེན།  ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ།  བློ་དཀར་གཞུང་དྲང་དང་འགན་འཁྲི་འཁུར་ཕོད་པ།  སྒྲིག་སྲུང་ཁྲིམས་སྲུང་།  སྤྱོད་ཚུལ་གཙང་མ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུར་འབད་བརྩོན་བྱས་པ།  སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་གཏིང་ཟབ་སར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག སྒྲིག་སྲོལ་དེ་ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལ་རིམ་པ་སྤར་བ་དེའི་ཐོག་ནས། ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་མཐོང་ཆེན་པོ་གནང་བ་མཚོན་གྱི་ཡོད། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་ལམ་ལུགས་ཀྱི་གཟེབ་དམ་པོ་བསླ་དགོས་པ་དང་། རང་ངོས་ཀྱི་གཅུན་སྡོམ་ཤུགས་ཆེར་བཏང་ནས། སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་སྒྲིག་ཁྲིམས་ལས་འགལ་བ་དང་། ཁྲིམས་འཛིན་བྱེད་མཁན་གྱིས་ཁྲིམས་ལས་འགལ་བར་བཟོད་སྒོམ་གཏན་ནས་བྱེད་མི་ཆོག་པ། སྒྲིག་ཁྲིམས་ལག་བསྟར་ཁྲིམས་འཛིན་གཉིས་སྦྲེལ་མཐུད་ཡག་པོ་བྱས་ནས། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་དང་ཁྲིམས་འཛིན་ལ་ལྟ་ཞིབ་བྱ་རྒྱུར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་དང་ཁྲིམས་འཛིན་གྱི་ཁྲེ་ཙེ་གཉིས་གཅིག་གྱུར་གྱིས་སྤྱོད་པ། སྒྲིག་ཁྲིམས་ལག་བསྟར་བྱས་ན་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས། ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱིས་རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ཤུགས་ཆེར་གཏོང་བ། ཏང་གི་སྒྲིག་ཡིག་དང་ཏང་གི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱ་དགོས་པ། སྒྲིག་ཁྲིམས་དང་ཁྲིམས་འཛིན་རོགས་འདེགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞུང་གི་ལས་མིས་མཐའ་ཐིག་ནན་པོ་སྲུང་རྒྱུར་ཁྲིམས་ལྟར་ལྟ་སྐུལ་བྱེད་དགོས་པ། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་རྣམ་པ་བཞི་ཉེར་སྤྱོད་ཡག་པོ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་གནད་འཕིགས་དང་ཚན་རིག་དང་མཐུན་པ་ཞིག་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག

གྲོས་ཚོགས་ཐོག ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སྣེ་ཁྲིད་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་མང་ཚོགས་འདོད་བློ་ཚིམས་པའི་མིག་དཔེའི་ལས་ཁུངས་ཤིག་ཏུ་འགྱུར་བ་བྱ་དགོས། འདུ་ཤེས་བཞི་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱས་ནས་ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་འགུལ་སྒོ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡིན་མིན་གྱི་གནད་དོན་ཆེན་པོའི་མདུན་དུ་དཔའ་དམ་གཤོམ་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱ་དགོས།  རང་ངོས་ཀྱི་ལྟ་སྐུལ་ཤུགས་ཆེར་གཏོང་རྒྱུར་སྣེ་ཁྲིད་བྱས་ནས། རང་འགུལ་སྒོ་ནས་ཏང་ནང་གི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་གྱི་ལམ་ལུགས་དང་། གཏན་འབེབས། སྒྲིག་སྲོལ་བཅས་ཁག་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་། རང་གི་ཉེ་འཁོར་ལ་གཅུན་སྡོམ་བྱ་རྒྱུ་ལྷོད་གཡེང་ཤོར་བའི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཏང་དང་མི་དམངས་ཀྱི་ལྷག་བསམ་དག་པའི་སྲུང་དམག་ཅིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མགོན་པོ་གཡུལ་རྒྱལ།

ཡིག་སྒྱུར། མིག་དམར་རྒྱལ་པོ།