ཞི་ཅིན་ཕིང་ནས་སི་ཕེན་གྱི་རྒྱལ་པོའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

 

        ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༡པའི་ཚེས་༢༨ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཏེ་རིར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་གཉེར་བའི་དགའ་བསུའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་གནང་ཡོད། 


དགུན་དུས་ཀྱི་མ་ཏེ་རི་ནམ་མཁའ་དྭངས་ཞིང་ཉི་འོད་རབ་ཏུ་འཕྲོ་བ་དང་། བརྗིད་ཉམས་ལྡན་ཞིང་རྒྱ་ཆེ་བའི་གོ་མཚོན་ཐང་ཆེན་ཐོག  གུས་ལུགས་དམག་གིས་གྲལ་སྟར་འགྲིག་པོས་རུ་བསྟར་སྒྲིག་ཡོད།  ཞི་ཅིན་ཕིང་དང་སྐུ་ཟླ་ཕང་ལི་ཡོན་གོང་མ་ཚང་གི་རླངས་འཁོར་ལ་ཞུགས་ནས།  གུས་ལུགས་གྱོན་གོས་གྱོན་ཞིང་རྟ་བཞོན་པའི་སི་ཕེན་གོང་མ་ཚང་གི་སྲུང་དམག་ཡིན་པའི་རྟ་དམག་གི་སྲུང་སྐྱེལ་འོག  གོ་མཚོན་ཐང་ཆེན་དུ་ཕེབས་གནང་ཡོད།  


ཐང་ཆེན་དུ་འབྱོར་སྐབས།  རྔ་སྒྲ་བསྒྲགས་པ་དང་རོལ་དབྱངས་དཀྲོལ་ཞིང་།  རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་དང་བཙུན་མོ་ལའེ་ཏི་ཞི་ཡ་དེ་གར་ཕེབས་བསུར་བཅར་བ་དང་།  ཕན་ཚུན་འཚམས་འདྲི་ཞུ་རེས་གནང་ཡོད།  ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཞི་ཅིན་ཕིང་ལ་རྒྱལ་པོ་ཚང་གི་མཐོ་རིམ་དཔོན་རིགས་ངོ་སྤྲོད་གནང་ཡོད།  


དེ་རྗེས།  རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་རྣམ་གཉིས་ནས་མཉམ་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ཡོད།  རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་སྒྲོག་ཐེངས་21ཁྲོད།  དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། 


 

གཟབ་སྦྲེང་རུ་ཁག་གི་རུ་དཔོན་ནས་མདུན་དུ་དོན་ནས་ཞི་ཅིན་ཕིང་ནས་གཟིགས་ཞིབ་གནང་རོགས་ཞུས་ཡོད།

 

རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པའི་ཕེབས་རོགས་འོག་ཞི་ཅིན་ཕིང་ནས་རིམ་པ་བཞིན་རྐང་དམག་རུ་བསྟར་དང་།  རྟ་དམག་རུ་བསྟར།  སྦག་སྦག་རུ་བསྟར་བཅས་ལ་གཟིགས་ཞིབ་གནང་ཡོད།  ཞི་ཅིན་ཕིང་གིས་སི་ཕེན་གྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་དང་།  རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཀྲུང་གོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་ཡོད།


  

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་རྣམ་གཉིས་ཀྱིས་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ལོག་གནང་ནས།  རུ་བསྟར་དབྱེ་བར་གཟིགས་གནང་ཡོད།  སྦག་སྦག་རུ་བསྟར་གྱི་སྣེ་ཁྲིད་འོག  གྲལ་སྟར་འགྲིག་པའི་དམག་མིའི་རོལ་ཆ་རུ་ཁག་དང་།  དཔའ་ཉམས་ལྡན་པའི་རྐང་དམག་རུ་བསྟར།  ཟིལ་ཉམས་ལྡན་པའི་རྟ་དམག་རུ་བསྟར་བཅས་རིམ་པ་བཞིན་གཟིགས་ཞིབ་སྟེགས་བུའི་མདུན་ནས་སྐྱོད་ཡོད། 

 

མ་ཏེ་རི་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་དུ་ཡོད་པའི་གཞུང་ལམ་གྱི་གཞོགས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད།  ས་གནས་དེ་གའི་མང་ཚོགས་དང་སི་ཕེན་དུ་སྡོད་མཁན་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ།  ཕྱིར་སྡོད་སློབ་མ།  ཀྲུང་གོའི་མ་རྩའི་ཁེ་ལས་ཀྱི་ལས་མི་སོགས་ནས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་དབྱུག་དབྱུག་བཏང་ནས།  ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད་པ་རེད།   



ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། དབང་འདུས།