སྒྲུང་པ་ཨ་ཉིད་དང་ཁོང་གིས་བཞུད་པའི་མི་ཚེའི་ལམ།༼སྒྲ་ལྡན།༽

 

        

བོད་ཀྱི་དམངས་ཁྲོད་དུ་སྒྲུང་པ་དང་། གླུ་པ། བྲོ་པ་སོགས་བགྲང་ལས་འདས་པ་ཡོད་ཅིང་། དེ་དག་གིས་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་བླ་ན་མེད་པའི་བྱས་རྗེས་བཞག་དང་འཇོག་བཞིན་པ་ནི་ང་ཚོས་ཡི་རངས་ཞུ་དགོས་པ་ཞིག་རེད། དེ་ཡང་སྡེ་དགེའི་གེ་སར་སྒྲུང་པ་གྲགས་ཅན་ཨ་ཉིད་ལགས་ཀྱིས་སེམས་རྩ་འཁོལ་པོའི་ངང་ང་ཚོར་གེ་སར་སྒྲུང་སྐོར་ལ་ཁ་བརྡ་གནང་བ་བརྒྱུད། ང་ཚོས་ཀྱང་གེ་སར་སྒྲུང་སྐོར་ལ་རྒྱུས་ལོན་མི་ཉུང་བ་ཞིག་བྱེད་ཐུབ་བྱུང་། 

        སྒྲུང་པ་ཨ་ཉིད་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་ནས་ཡིན་ཞིང་། ཁོ་རང་ཉིད་ཆུང་དུས་མཐུན་རྐྱེན་ཞན་པས་སློབ་སྦྱོང་བྱེད་པའི་གོ་སྐབས་མ་ཐོབ་པར་ནོར་ལུག་གི་རྗེས་སུ་འབྲངས་ཏེ་རྫི་བོ་མི་བྱེད་ཀ་མེད་དུ་གྱུར།  འོན་ཀྱང་ཁོང་ནི་ཆུང་དུས་ནས་སྙིང་རུས་ཅན་ཞིག་ཡིན་པས་ལས་ཀ་ལས་ཞོར་དུ་གེ་སར་སྒྲུང་༼ཧོར་གླིང་གཡུལ་འགྱེད༽དང་༼རྟ་རྒྱུག་ནོར་བུ་ཆ་བདུན༽༼འཁྲུངས་གླིང་༽༼ལྷ་གླིང༽༼སྟག་གཟིག་ནོར་རྫོང་༽སོགས་ལ་གཟིགས་ཏེ་རང་སྦྱོང་གནང་བར་འབྲས་བུ་ཡག་པོ་སྨིན། ལོ་བཅོ་བརྒྱད་ཙམ་ལ་དམངས་ཁྲོད་དུ་བྲོ་འཁྲབ་མཁན་གནང་། དེ་དུས་བྲོ་འཁྲབ་མཁན་བུ་དང་བུ་མོ་བཅུ་རེ་ཡོད་ཅིང་། ཁོང་གིས་བྲོ་ཚིག་བརྩམས་པ་དང་འཁྲབ་ཁྲིད་གནང་སྟེ་ལོ་རེར་འཁྲབ་སྟོན་ཐེངས་དྲུག་ཙམ་གནང་བས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། གེ་སར་སྒྲུང་གི་སྙན་མོའི་ངག་གི་འགྱུར་ཁུག་དང་འགྲོགས་ནས་སྒྲུང་པ་ཨ་ཉིད་ལགས་ཀྱི་སྙན་གྲགས་རིམ་བཞིན་ཕྱོགས་ཀུན་ལ་ཁྱབ།

        གླིང་གེ་སར་གྱི་མཛད་རྗེས་མི་རབས་ནས་མི་རབས་བརྒྱུད་ཁྱབ་སྤེལ་གཏོང་བའི་ཆེད་དུ་ཁོང་གིས༼གླིང་གེ་སར་རྒྱལ་པོའི་སྒྲུང་༽པར་ཤིང་དུ་བརྐོ་རྒྱུའི་ཐག་བཅད་དེ་སྡེ་དགེའི་པར་ཁང་དུ་སྤུས་ཀ་བཟང་བའི་པར་ཤིང་བཞག་གནང་བ་ང་ཚོའི་མིག་ལམ་གྱི་མཐོང་ཆོས་སུ་གྱུར།  དེ་ཡང་སྡེ་དགེ་བའི་སྨོན་ཚིག“ཚེ་རིང་ཨ་”ཞེས་པ་ལྟར་ཁོང་ཡང་སྐུ་ཚེ་རིང་ཞིང་། གླིང་གེ་སར་གྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གྱི་འཕྲིན་ལས་ལ་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་པའི་སྨོན་འདུན་ཞུའོ། 

 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་ཞིབ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

རྩོམ་སྒྲིག་པ། མཁའ་སྤྱོད་དབང་མོ།