ཚེ་རིང་བཀྲ་ཤིས་ཀྱི་རྨི་ལམ་དང་ལྷན་དུ་སྨིན་པའི་ལྷག་བསམ།

 

                བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ཆེད་སྒྲིག་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་ཁྱེད་དང་ང་འདྲ་བའི་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་དང་བླ་མེད་ཀྱི་སྙིང་སྟོབས་ཞུ་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ་རྒྱུ་ཡིན།

 

ཚེ་རིང་བཀྲ་ཤིས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས།

        དེ་རིང་གུས་མོས་རྣམ་པ་ལྷན་རྒྱས་ལ་ཕ་ཡུལ་འདམ་གཞུང་ནས་ཡིན་པའི་བྱ་གཞག་གསར་གཏོད་པ་ཚེ་རིང་བཀྲ་ཤིས་ལགས་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡིན། ཁོང་ནི་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་ལོ་གཅིག་ལྷག་གི་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་ཀྱང་། མཐར་རང་གི་ཐོག་མའི་ཕུགས་འདུན་ལྟར་བྱ་གཞག་གསར་གཏོད་བྱེད་པའི་ལམ་དུ་ཞུགས་ཡོད། རང་གིས་རང་ཉིད་ལ་ཡོང་སྒོ་འཚོལ་བའི་བརྒྱུད་རིམ་ཁྲོད་ཁོང་གིས་དཀའ་ལས་གང་མང་འཕྲད་ཡོད་ནའང་ཁོའི་སེམས་ཤུགས་ཤིག་གིས་ད་བར་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད་པས། ཁོས་རང་ཉིད་ཀྱི་བསམ་དོན་བཞིན་བྱ་དོན་ཡག་པོ་འགྲུབ་ཡོད་པ་མ་ཟད་རང་གི་ཉེ་འཁོར་གྱི་མི་བུ་རྣམས་ལ་ཡང་ཕན་བདེ་གང་མང་བསྐྲུན་ཡོད། དེ་རིང་ང་ཚོས་ཁོང་གི་རྨི་ལམ་དང་འབད་བརྩོན། དེ་བཞིན་སྙིང་སྟོབས་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་དེ་ཞུ་རྒྱུ་ཡིན་པས་ཁྱེད་རང་ནས་གསན་པར་དགའ་བསུ་ཞུ།

 

ཚེ་རིང་བཀྲ་ཤིས་ཀྱིས་ཉེ་ཆར་སྤེལ་བཞིན་ཡོད་པའི་རྨི་ལམ་སྤྱི་ཕན་བྱེད་སྒོ།


སྐབས་དགུ་པའི་ཀྲུང་གོའི་ན་གཞོན་བྱ་གཞག་གསར་གཏོད་པའི་གཟེངས་རྟགས་ཐོབ་པ།


        གྲོགས་པོ་ཁྱེད་ནས་དུས་ད་ལྟའི་བར་ལེ་ཚན་འདི་གསན་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཚེ་རིང་བཀྲ་ཤིས་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་སྙིང་དབུས་ནས་ཁ་དྲོ་ཞུ་རྒྱུ་ཡིན། མི་ལ་རྨི་ལམ་རྨི་ཕོད་པའི་སྙིང་སྟོབས་དང་རྨི་ལམ་དེ་མངོན་འགྱུར་ཡོང་བར་བྱེད་ཐུབ་པའི་བློ་གྲོས་དང་ངང་རྒྱུད་རིང་པོ་ཡོད་ན། ས་ཆ་གང་དུ་ཕྱིན་ཡང་ང་ཚོས་རང་གཞན་གཉིས་ལ་ཕན་པའི་བྱ་དོན་བཟང་པོ་རེ་འགྲུབ་ངེས། ཚེ་རིང་བཀྲ་ཤིས་ཀྱིས་ཉེ་ཆར་ཀོང་ཏུང་ཞིང་ཆེན་དུ་རྨི་ལམ་གྱོན་ཆས་བཟོ་གྲྭ་བཙུགས་ནས་རིག་གནས་དང་ཡུལ་སྲོལ་གྱིས་ཕྱུག་པའི་སྤུས་ལེགས་གྱོན་ཆས་མང་པོ་བཟོ་བཞིན་ཡོད་པ་དང་ཁོས་འདི་ལས་ཐོབ་པའི་ཁེ་ཕན་མི་ཉུང་བ་ཞིག་སྤྱི་ཕན་བྱེད་སྒོར་བཏང་ཡོད་པ་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་གྱོན་ཆས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། དེ་རིང་ང་ཚོས་ཡི་རང་དང་སྤྲོ་བ་ཞིག་གིས་ལེ་ཚན་འདི་ཚེ་རིང་བཀྲ་ཤིས་ཁོང་དང་རང་གི་ཕུགས་འདུན་གྱི་ཆེད་དུ་ལམ་ལ་ཞུགས་ཡོད་པའི་གྲོགས་པོ་ཡོངས་ལ་ཕུལ་བ་ཡིན།

 

ཀོང་ཏུང་དུ་ཡོད་པའི་རྨི་ལམ་གྱོན་ཆས་བཟོ་གྲྭ


        གཞན་ཡང་། གལ་སྲིད་གྲོགས་པོ་ཁྱེད་ལ་རང་ཉིད་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡོད་ན་ཐད་ཀར་འཕྲིན་སྟེགས་འདི་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་ཆོག  ང་ཚོས་འདིར་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་བསམ་ཚུལ་དང་ངོ་མཚར་གྱིས་ཁེངས་པའི་གཏམ་རྒྱུད་ལ་རེ་ཞིང་སྒུག་ཡོད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།

ལེ་ཚན་གཙོ་སྐྱོང་བ། བདེ་གཡང་།